汉文主页

 

 

 
དོན་གྲུབ་དང་སྒྲོལ་འཚོ།
 
 
རྩོམ་པ་པོ་མི་གསལ། རྩོམ་སྒྲིག་པ་རྡོ་རྗེ་རབ་བརྟན། དུས་ཚོད2008-3-25 18:12:13 ཡོང་ཁུངས་མཚོ་སྔོན་པོ་དྲ་བ།
དགུང་ཨ་སྔོན་དར་སྔོན་འོག་ན། །
ས་དོག་མོ་དར་ལྗང་སྟེང་གི །
སྤང་ཨ་ལོང་མེ་ལོང་ཁུགས་ནས། །
ལུག་གཡང་དཀར་ལུག་ཁྱུ་རྗེས་ནས། །
ཚེ་སྔོན་མའི་སྨོན་ལམ་དབང་གིས། །
རོགས་ཉི་མ་འདྲ་ཞིག་རྙེད་ཐལ། །
དུས་རིང་བོ་མ་སོང་མྱུར་དུ། །
ཞེ་སྣང་བ་གསེར་སྐུད་ཕྲ་མོ། །
རོགས་དེ་ཕྱོགས་ས་ལ་འཐེན་ནས། །
ཇ་འོ་མ་བཞིན་དུ་འདྲེས་ཐལ། །
སྐྱིད་འཇིག་རྟེན་སྣང་བའི་ཁྲོད་ནས། །
དགུང་ཉི་མ་གཙུག་ལ་བཀུར་ནས། །
སྤང་སེར་བོ་གདན་ལ་བཏིངས་ནས། །
གངས་རྫ་ཆུ་ཆང་ལ་བཀོལ་ནས། །
སྐྱིད་འཚོ་བ་ལོངས་སུ་སྤྱད་ནོ། །
སུ་ཡིན་རུང་ཡིད་ནས་མི་བརྗེད། །
སེམས་བསམ་པས་སྙིང་གཏམ་གླེང་ནས། །
ཚེ་འཇིག་རྟེན་མི་ཡུལ་འདི་ནས། །
སྲོག་དམར་བོར་སྐྱོན་རེ་མེད་ན། །
ཁ་མི་འབྲལ་དམ་བཅའ་བཞག་སྟེ། །
ན་མེ་ཏོག་སྟོང་ལྡན་ཁུགས་ནས། །
ལུག་གཡང་དཀར་མཉམ་འཚོ་མཉམ་སྲུང༌། །
སྤང་མེ་ཏོག་མཉམ་བཏུས་མཉམ་རྩེད། །
ཟས་ཞིམ་པོ་མཉམ་ཟ་མཉམ་འཐུང༌། །
གླུ་ལ་གཞས་མཉམ་ལེན་མཉམ་འགུགས། །
སེམས་སྣང་བ་འདི་འདྲ་སྐྱིད་པོ། །
ཞེ་བསམ་པ་འདི་འདྲ་མཐུན་པོ། །
ས་གང་ལ་སོང་རུང་མི་རྙེད། །
གནས་འཇིག་རྟེན་འཁོར་བའི་ནང་ནས། །
དགུང་ཉི་ཐིག་ཡལ་ཁོམ་མ་བྱུང༌། །
སྐྱིད་འཚོ་བར་རོལ་དབང་མེད་ལ། །
རྐྱེན་བར་ཆད་ལམ་ནས་བྱུང་ནས། །
བཙན་དབང་གིས་ཁ་ཁར་གཏོང་བ། །
རོགས་ངེད་གཉིས་ཡིད་ལ་མ་དགོས། །
གཞན་ཡིན་རུང་སེམས་ལ་ཅི་ཤར། །
ཡུལ་ངན་པའི་སྲོལ་ལུགས་ཤེད་ཆེན། །
རྒྱུ་ཇ་ཆང་དངོས་རྫས་ངོ་ཆེན། །
ཡུལ་དྲིན་ཅན་ཕ་མ་དབང་ཆེན། །
དེ་གསུམ་ལ་སྙིང་རྗེ་མེད་ཀི །
དེ་གསུམ་ལ་སྙིང་རྗེ་ཡོད་ན། །
སྐྱིད་དབྱར་གསུམ་མེ་ཏོག་སེར་བོ། །
འབུ་བུང་བའི་ཁ་ནས་ཅིར་འཕྲོག །
དཔྱིད་དབྱངས་སྙན་ཁུ་བྱུག་སྔོན་མོ། །
ནགས་རྒྱ་རྫོང་ཁྲོད་ནས་ཅིར་འདེད། །
བྱ་ངང་བ་ངང་མོ་གཉིས་ཀ །
མཚོ་སྔོན་མོའི་ཁ་ནས་ཅིར་གཏོར། །
ཤ་ཡུ་མོ་ན་དམར་གཞུང་ནས། །
བོའུ་བརྒྱབ་ནས་སྲོག་དམར་ཅིར་ལེན། །
བུ་ང་དང་ཞེ་མཐུན་རོགས་ལོ། །
ཁྱིམ་གཅིག་ཏུ་འདུས་དབང་མེད་ལ། །
བཙན་དབང་གིས་ཁ་ཁར་ཅིར་གཏོང༌། །
ཉིན་ཞིག་གི་ནམ་མཁའ་ལངས་དུས། །
ངའི་དྲིན་ཆེན་ཕ་མ་གཉིས་ཀས། །
བུ་ང་རང་མདུན་ལ་བོས་ཏེ། །
འཛུམ་ཉི་མ་འདྲ་ཞིག་ལངས་ནས། །
སེམས་དགའ་སྤྲོའི་ངག་འཇམ་ཚིག་གིས། །
བུ་གཅེས་ཕྲུག་བསམ་པའི་དོན་གྲུབ། །
ཁྱོད་ཕ་མའི་ཁོག་གི་སྙིང་ཡིན། །
སྙིང་མེད་ན་གསོན་ཐབས་ཅི་ཡོད། །
ཁྱོད་ཕ་མའི་ཐོད་པའི་མིག་ཡིན། །
མིག་མེད་ན་བགྲོད་ལམ་ཅི་རིག །
ལ་འགོས་ན་ལག་རྟེན་ཁྱོད་ཡིན། །
ཤི་སོང་ན་ཡུལ་སྲུང་ཁྱོད་ཡིན། །
ང་ཕ་ལོ་མ་ལོ་གཉིས་ཀས། །
ཚེ་འདི་ཡི་ལྟ་ས་ཁྱོད་ཡིན། །
ཁྱོས་ཁོག་ལ་འདང་ཞིག་རྒྱོབ་དང༌། །
ཁྱོད་ད་ལོ་ཕོ་ལོ་ཉི་ཤུ། །
ཁྱིམ་ཆུང་མ་ལེན་པའི་དུས་རེད། །
དུས་ཡིན་ནི་མི་ཚད་འཕྱིས་འདུག །
བུ་ཁྱོད་ཀྱི་ཚེ་གཅིག་སྐྱ་ཡ། །
ང་དྲིན་ཆེན་ཕ་མས་བཙལ་ཡོད། །
ཡག་མོ་སྒོ་ནམ་མཁའི་ལྷ་ཡིན། །
གཟུགས་སྐྱེས་ལུས་ཉག་ཕྲན་མདའ་ཡིན། །
གཤིས་གཞུང་རྒྱུད་ལྷག་པར་དྲང་གི །
ཉིན་དེ་རིང་བཞི་བའི་ཚེས་གསུམ། །
ཚེས་བཅོ་ལྔའི་སྐྱ་རེངས་ཤར་དུས། །
བསྐྱལ་འོང་རྒྱུ་ཐག་གིས་བཅད་ཡོད། །
དུས་དེ་རིང་ཉིན་ནས་བཟུང་སྟེ། །
ཁྱོད་ཕྱུགས་ཟོག་འཚོ་རུ་མ་འགྲོ །
འགང་མ་འགྲོ་ཟེར་ནི་མིན་ལ། །
ཁྱིམ་ཕྱི་ནང་གཙང་སྦྲ་བྱས་ནས། །
རྟགས་སྟོན་མོར་གྲ་སྒྲིག་བྱེད་དགོས། །
སྟོན་ཆེ་ན་ཁྱིམ་གྱི་རྒྱན་ཡིན། །
རྒྱུ་མང་ན་རང་གི་ཤོམ་ཡིན། །
གཉེན་འགྲིག་ན་ཕ་མའི་འདོད་ཡིན། །
ང་ཕ་མ་གཉིས་ཀྱི་སྙིང་གཏམ། །
བུ་ཁྱོད་ཀྱིས་སེམས་ལ་ཟུངས་ཟེར། །
ཨ་ཧ་བོ་འདི་འདྲའི་རྐྱེན་ངན། །
ང་དོན་གྲུབ་མགོ་ལ་བབས་ཐལ། །
ངའི་དྲིན་ཆེན་ཕ་ལོའི་བཀའ་ཚིག །
རྣོ་ངར་མའི་མཚོན་གྱི་གྲི་རེད། །
གྲི་མ་བཙུགས་སྙིང་ལ་ཟུག་ཐལ། །
ཀན་དམར་བོ་མེ་ཡི་ཚ་རེད། །
མེ་མ་འབར་གློ་མཆིན་བསྲེགས་ཐལ། །
ཟླ་དགུན་གསུམ་དགུན་གྱི་ཆུ་རེད། །
ཆུ་མ་བླུགས་སེམས་ཁོང་འཁྱགས་ཐལ། །
ལུས་རྩ་ཆེན་རྩ་ཆུང་ལྷོད་ཐལ། །
མིག་ཁྲ་རིལ་མུན་པ་འཐིབས་ཀི །
ཨ་ཤི་རེ་འདི་འདྲའི་བར་བགེགས། །
རོགས་ངེད་གཉིས་མགོ་ལ་བབས་ཐལ། །
བབས་ཡོད་ནོ་རོགས་ཀྱིས་ཤེས་མེད། །
དེ་བསམས་ན་ཡིད་སེམས་སྐྱོ་གི །
རོགས་ཆུང་ལོ་ལྷག་པར་དྲན་གི །
རོགས་དྲན་རུང་བཤད་ས་མེད་ཀི །
དེ་བཤད་རུང་ཕན་ཐོགས་ཅི་ཡོད། །
གསོན་འཇིག་རྟེན་མི་ཡུལ་འདི་ནས། །
བུ་ང་ཡི་བདག་པོ་ཕ་རེད། །
དྲིན་ཕ་ལོའི་ཐག་བཅད་རྡོ་རེད། །
རྡོ་གོར་མོར་སྒུལ་རྒྱུ་མེད་ཀི །
དེ་ཡོད་རུང་སྒུལ་མཁན་དཀའ་གི །
དྲིན་ཕ་ལོའི་བཙན་གཏམ་ཐོག་རེད། །
ཐོག་གནམ་ལྕགས་འགོག་མཁན་མེད་ཀི །
གཅིག་ཡོད་རུང་འགོག་ཁ་དཀའ་གི །
ཨ་ཤི་རེ་རོགས་ལོ་སྙིང་རྗེ། །
སེམས་མ་སྐྱིད་ཉི་མ་བཅུ་གཉིས། །
གཉིད་མ་ཁུག་ཞག་མ་བཅུ་གཉིས། །
དུས་ཉིན་ཞག་རྩ་བཞིའི་རིང་ལ། །
སེམས་མི་སྐྱིད་དམྱལ་བའི་འཕྲང་རེད། །
ཟླ་གཅིག་གི་ཡར་ངོའི་དུས་ཚོད། །
མིག་བཙུམ་ཐེངས་གཅིག་གིས་ཚར་ཐལ། །
གཉེན་སྒྲིག་གི་ཉི་མ་ཐོན་ཐལ། །
ཐོན་ཡོད་ནོ་རོགས་ཀྱིས་ཤེས་མེད། །
དེ་བསམས་ན་ལྷག་པར་སྡུག་གི །
ངའི་གངས་དཀར་དྲན་པའི་ངོས་ལ། །
རྫ་མཐོན་པོའི་སྨུག་གཅིག་འཐིབས་ཀི །
འཐིབས་ཡོད་ནོ་རོགས་ཀྱིས་ཤེས་མེད། །
ངའི་ཁྲ་རིལ་མིག་གི་མཐའ་ལ། །
ཆུ་གཙང་བོ་ཞིག་གིས་བསྐོར་གི །
བསྐོར་ཡོད་ནོ་རོགས་ཀྱིས་མི་ཤེས། །
ཕོ་ང་རང་མ་གཏོགས་སུས་ཤེས། །
ཚེས་བཅོ་ལྔའི་སྐྱ་རེངས་ཤར་དུས། །
མ་ལས་ངན་རྒྱུ་བྱིན་ཆུང་མ། །
གཉེན་ཉེ་བོས་མཐའ་ནས་བསྐོར་ནས། །
གནས་ཁྱིམ་ལ་བསྐྱལ་ནས་ཐོན་ཐལ། །
སྡེ་ཚོ་བའི་རྒན་གཞོན་ཚང་མས། །
རྟགས་སྟོན་མོ་ཟེར་ནས་ཡོང་གི །
ནང་ན་ཟླ་འཚོགས་ནས་རྩེ་ཐལ། །
ཉིན་གསུམ་ལ་སྟོན་མོ་བྱེད་ཀི །
ངའི་དྲིན་ཆེན་ཕ་ལོ་མ་ལོས། །
སྟོན་ཡག་ཐལ་ཟེར་ནས་དགའ་གི །
རྒྱུ་འཛོམས་ཐལ་ཟེར་ནས་སྤྲོ་གི །
གཉེན་འགྲིག་ཐལ་ཟེར་ནས་བཤད་ཀི །
མ་མཛེས་རབས་ཟེར་ནས་བསྟོད་ཀི །
རྒྱུད་བཟང་རབས་ཟེར་ནས་གླེང་གི །
དེ་ཡིན་རུང་སྤྲོ་སྣང་ང་མེད། །
ངའི་ཡ་ཆུང་སེམས་འདི་གངས་རེད། །
གངས་དེ་ལ་བཞུ་རྒྱུ་མེད་ཀི །
ངའི་མ་ཆུང་ཁོག་འདི་རྡོ་རེད། །
རྡོ་གོར་མོར་འཛད་མཐའ་མེད་ཀི །
དགུང་ཉིན་ཞག་དྲུག་གི་དུས་འདི། །
བབ་ཡིན་ན་རིང་རྒྱུ་ཅི་ཡོད། །
ཕོ་ང་ཡི་བསམ་ཚུལ་ཞིག་ལ། །
ཟླ་གསུམ་གྱི་དུས་ལས་རིང་རེད། །
བསྒུགས་བསྒུགས་ནས་ཉིན་བཟང་ཐོན་ཐལ། །
ནངས་སྔ་མོའི་ཉི་རྩེ་ཤར་དུས། །
ངའི་རོགས་ལོས་བསྒུགས་ཡོད་བསམས་ནས། །
སེམས་སྐྱ་མོར་བྲེལ་བ་ལངས་ཀི །
རྟ་ནོར་ལུག་རི་ལ་དེད་ནས། །
རོགས་ཐུག་གི་རེ་བ་བཅངས་ནས། །
གནའ་དང་མ་ངེད་གཉིས་ཐུག་ས། །
ཚིག་སྙན་མོའི་མགོ་རྐང་སྒྲིག་ས། །
ཞེ་སྣང་བའི་དར་སྐུད་འཐེན་སའི། །
སྤང་མེ་ལོང་རིང་མོའི་ཁུགས་ལ། །
སེམས་བསམ་པ་ཐང་དཀར་འཕུར་འཕུར། །
འགྲོ་གོམ་པ་རྟ་རྒོད་རྒྱུག་རྒྱུག །
ས་ཆ་ཡོད་རྩྭ་ཐང་བདེ་ཐང༌། །
ལྗོངས་རྒྱུས་ཡོད་སྤང་ཐང་མེ་ལོང༌། །
ཆུ་ཆ་ཡོད་རྫ་ཆུ་བསིལ་མ། །
ཤིང་རྒྱུས་ཡོད་འབྲི་ཤུག་རྩེ་བརྒྱ། །
བྱ་ཆ་ཡོད་ཁུ་བྱུག་སྔོན་མོ། །
མ་ཡིད་འོང་བུ་མོ་སྒྲོལ་འཚོ། །
བསམ་མི་དགོས་ཡིད་ལ་རང་དྲན། །
ལྟ་མི་དགོས་མིག་ལ་རང་ཤར། །
མ་ཁྱོད་རང་ཡིད་ལ་དྲན་ན། །
ཕོ་ང་ཡི་སྣང་བ་སྐྱིད་ཀི །
གཞན་ཡིན་རུང་ཡིད་སེམས་ལོས་དགའ། །
སེམས་སྐྱིད་པའི་ལ་གཞས་ལོས་འཐེན། །
ཡིད་དགའ་བའི་འཛུམ་རྒྱ་ལོས་གྲོལ། །
ངའི་ཡ་ཆུང་དྲན་པའི་ངོས་ན། །
རོགས་སྒྲོལ་འཚོ་མིན་ན་ཅང་མེད། །
ཕྱོགས་ཡར་མར་རྒྱང་ལྟ་བྱས་ཏེ། །
རོགས་ཆུང་ལོ་ཟེར་ནས་བོས་ན། །
ངའི་རོགས་ལོ་རིག་ནི་མ་དགོས། །
སྐད་སྙན་མོའི་ཨ་ལན་མེད་ཀི །
རོགས་གནས་སའི་ཡུལ་ཕྱོགས་ས་ཡི། །
རི་མཐོན་པོ་ཞིག་གི་མགོ་ལ། །
བྱ་འཕུར་འཕུར་བྱས་ནས་སོང་སྟེ། །
སྡེ་ཆེན་པོའི་སྡེ་ལུང་ཁྲོད་ལ། །
ཕར་འཁོར་ནས་ཡང་ཡང་བལྟས་རུང༌། །
ངའི་རོགས་ལོ་རིག་རྒྱུ་མེད་ཀི །
ད་ཅི་བྱེད་འདི་བྱེད་མེད་ཐལ། །
མར་འཁོར་ནས་ས་ལ་བསྡད་དེ། །
ཟངས་དམར་བོའི་རྭ་ཙེ་ནང་ལ། །
སྔོ་ལྗང་ལྗང་དུ་ཞིག་འཐེན་ན། །
དུ་མགོ་མ་རླུང་གིས་ཁུར་ཐལ། །
དུ་བར་མ་རོགས་ལ་བཞག་སྟེ། །
དུ་གཞུག་མ་རང་གིས་འཐེན་ན། །
ཕར་ཕྱོགས་ཀྱི་རི་ཆུང་མགོ་ནས། །
ངའི་མནའ་བཅད་ཤེས་རབ་རྒྱལ་གྱིས། །
རྒྱང་རིང་ནས་རྒྱང་འབོད་བྱེད་ཀི །
ངས་ཨ་ལན་སིང་སེ་བྱིན་ནས། །
རྣ་སྒྲིམ་ནས་སྐད་ལ་ཉན་ནས། །
སེམས་གཏད་དེ་ཚིག་ལ་བསྒུག་ན། །
ཁྱོའི་རོགས་ལོར་ནད་བྱུང་ཟེར་གི །
ཨ་ཧ་བོ་འདི་འདྲའི་གཏམ་ངན། །
ངའི་སྙིང་ཆུང་རྩ་ནས་བྲེགས་ཐལ། །
ད་བྲེགས་རུང་ཐབས་ཤིག་མེད་ཀི །
ཕྱོགས་ཕྱོགས་ཀྱི་རྟ་ནོར་ལུག་གསུམ། །
མགྱོགས་མགྱོགས་པོར་གཅིག་ཏུ་བསྡུས་ཏེ། །
ཁ་ཕྱིར་འཁོར་ཡུལ་ལ་དེད་ནས། །
ར་གྲུ་བཞིའི་ལྷས་ལ་བརྒྱབ་བ། །
རྟ་གྭ་བར་སྒ་ཆ་བསྟད་དེ། །
དགུང་སྐར་ཚོགས་ཐོད་ལ་བཀུར་ནས། །
ལམ་རིང་མོ་འདོམ་ལ་འཇལ་ནས། །
རོགས་ཚང་གི་སྡེ་མཐར་ཐོན་དུས། །
དགུང་སྨིན་དྲུག་ལམ་ལ་འཁོར་ཐལ། །
ནམ་ཡར་ལངས་སྐར་ཆེན་ཤར་ཐལ། །
སྐྱ་གསལ་ལེ་སྐྱ་རེངས་བཀྱགས་ཐལ། །
རོགས་ཚང་གི་སྒོ་ཁར་སོང་ནས། །
རྣ་གཡས་པ་སྒོ་ལ་སྦྱར་ནས། །
སེམས་གཏད་ནས་ཡང་ཡང་ཉན་རུང༌། །
ངའི་རོགས་ལོ་གྲག་རྒྱུ་མེད་ཀི །
སེམས་སྐྱ་མོར་བྲེལ་བ་ལངས་ནས། །
རོགས་ཆུང་ལོའི་མིང་ནས་བོས་ན། །
ངའི་རོགས་ཀྱི་མ་ལོ་ཐོན་ཐལ། །
ངས་རོགས་ཀྱི་མ་ལོ་ཀན་ན། །
སེམས་མཐུན་པའི་ཆུང་དུས་རོགས་ལ། །
གཅིག་ཐུག་གི་རེ་བ་ཞུ་དུས། །
རོགས་སྒྲོལ་འཚོའི་མ་ལོ་ངུ་བཞིན། །
ཁྱོད་ཁྲེལ་མེད་མ་ཐུག་ཟེར་གི །
སྙིང་རྗེ་བའི་མ་ལོ་ལོ་ལོ། །
ཁྱོས་དེ་ལྟར་བཤད་ན་ཅི་ཉན། །
དེའི་ཕྱོགས་ནས་ལན་ཁག་ང་མེད། །
ལས་ཁྲེལ་མེད་བྱེད་ནོ་ང་མིན། །
ཡུལ་ཕ་མའི་དབང་ཤུགས་འོག་ནས། །
ཕོ་ང་ལ་རང་དབང་མེད་ཀི །
ངས་དེ་ལྟར་ཡང་ཡང་ཞུས་ན། །
རོགས་ཆུང་ལོའི་ཕ་ལོ་ཡོང་ནས། །
ཨ་ལོ་ལོ་ཁྱོད་ལ་ཅི་ཁག །
ཁྱོད་ཐུག་ན་སྐྱོན་མེད་ཟེར་ནས། །
རོགས་ཐུག་གི་གནང་བ་བྱིན་ཐལ། །
ང་རོགས་ཀྱི་སྔས་མགོར་སོང་ནས། །
ཁྱོད་ཅི་ན་གང་ན་དྲིས་ན། །
རོགས་སྒྲོལ་འཚོས་ང་ལ་བལྟས་ཏེ། །
འཛུམ་མེད་ལ་འཛུམ་ཞིག་སྟོན་གི །
ངོ་ཐུག་པས་དགའ་ནི་ལོས་ཡིན། །
ཚུར་འཁོར་ནས་ཚིག་གསུམ་བཤད་ནོ། །
ཨ་སྙིང་གྲོགས་དོན་གྲུབ་ལོ་ལོ། །
ཁྱོད་ཐུག་གི་རེ་བ་བཟུང་ནས། །
དབུགས་མ་ཆད་ཉིན་འགའ་བསྒུགས་ཏེ། །
མིག་མ་བཙུམ་ཞག་འགའ་བསྡད་ལ། །
དུས་དེ་རིང་ཉི་མ་འདི་ལ། །
ངའི་བསམ་པའི་དོན་བྱ་གྲུབ་ཐལ། །
ཞེ་མཐུན་པའི་རོགས་ལོར་ཐུག་ཐལ། །
སེམས་བསམ་པའི་སྡུག་བསྔལ་སངས་ཐལ། །
ཨ་སྙིང་གྲོགས་དོན་གྲུབ་ལོ་ལོ། །
རྣ་མ་གཡེང་ང་ལ་ཉོན་དང༌། །
ངའི་སེམས་ཀྱི་སྐད་ཆ་ཁྱོད་བཤད། །
ང་ཅི་ན་འདི་ན་ཟེར་ནས། །
ནད་གང་ཡིན་འདི་ཡིན་མེད་ཀི །
ལུས་ལྷུ་ཆེན་ལྷུ་ཆུང་བཅུ་གཉིས། །
འདི་ན་ཟུག་གཟེར་གྱིས་གང་གི །
ལུས་ཤ་ཁྲག་འོ་མ་འདྲ་བོ། །
འདྲེ་དབང་ཤུགས་ཅན་ལ་དབང་ཐལ། །
ངའི་རྣམ་ཤེས་སྦྲང་མ་འདྲ་བོ། །
ཕྱིར་བཀྱེད་དེ་བར་དོ་ཉུལ་ཐལ། །
སྲོག་གཅོད་པའི་གཤེད་མ་ཐོན་ཐལ། །
ང་ས་ལ་རེ་ལྟོས་མེད་ཀི །
ངའི་ཕྱོགས་ལ་རེ་བ་མ་བྱེད། །
དྲིན་ཆེ་ནོ་དྲིན་ཆེན་ཕ་མ། །
དྲིན་ཕ་མའི་ཁ་ལོངས་ཚིག་རྩིས། །
ཁ་ལོངས་དང་ཁ་ལས་སྟེར་ར། །
ཚིག་རྩིས་དང་ཚེ་ཐག་རིང་ང༌། །
ཚེ་རིང་ན་དོན་ཡང་འགྲུབ་བ། །
རྒྱུ་བྱིན་གྱི་ཆུང་མ་ཡིན་རུང༌། །
སེམས་བསམ་པས་ཤ་རེ་ཚ་དགོས། །
ཞེ་བསམ་པས་སྙིང་རེ་རྗེ་དགོས། །
མ་དེ་ལ་ལན་ཁག་ཅི་ཡོད། །
སྨན་བུ་མོར་རང་དབང་མེད་ནོ། །
གནས་འཇིག་རྟེན་འདི་ཡི་སྲོལ་རེད། །
ཁྱིམ་ཆུང་མར་བློ་རྩེ་གཏོད་ལ། །
ནང་བཟའ་ཚང་འགྲིག་དགོས་མཐུན་དགོས། །
ཁྱིམ་བཟའ་ཚང་འགྲིག་ནས་བསྡད་ན། །
ཡུལ་ཕ་མ་གཉིས་ཀྱི་སྐྱིད་ཡིན། །
རོགས་དོན་གྲུབ་ཁྱོད་ཀྱི་རྒྱན་ཡིན། །
ངའི་སེམས་ཀྱི་འདོད་པ་དེ་ཡིན། །
རོགས་མདངས་ཆེན་དོན་གྲུབ་ལོ་ལོ། །
ཁྱོས་ཉོན་དང་སེམས་གཏམ་ངས་བཤད། །
ཚེ་འདི་ནས་འདུག་ནོ་ཁྱོད་རེད། །
ཚེ་ཕྱི་མར་འགྲོ་ནོ་ང་རེད། །
དེང་ཕྱིན་གྱི་ཕྱིན་ཆད་ཅིག་ལ། །
མ་ང་རང་ཡིད་ལ་མ་དྲན། །
འགང་མ་དྲན་ཟེར་ནི་མིན་མོད། །
ཁྱོས་དྲན་རུང་ཕན་ཐོགས་ཅང་མེད། །
ཁྱོད་རྫ་མགོ་རི་མགོ་བརྒྱུད་དུས། །
བོའུ་རྭ་རིང་རྒྱབ་ནས་མ་དོར། །
དགྲ་མེད་རུང་དོགས་ཟོན་བྱེད་དགོས། །
རྟ་ནོར་ལུག་རྗེས་ལ་འགྲོ་དུས། །
རྣོ་རལ་གྲི་སྐེད་ནས་མ་དོར། །
དགྲ་ནག་པོའི་བར་ཆད་ཟེར་ནོ། །
དུས་ནམ་ཡོང་ཆ་མེད་རྒྱུས་མེད། །
དེའི་ས་ལ་མཉམ་རེ་འཇོག་དགོས། །
འདིའི་ཕན་གྱི་སྐད་ཆ་གཞན་མེད། །
ད་མ་འདུག་ཕྱིར་ལ་སོང་ཟེར། །
ངའི་ཞེ་མཐུན་རོགས་ལོ་ཀན་གིས། །
མིག་ཁྲ་ཆུང་མཆི་མ་འཁོར་ནས། །
སེམས་སྡུག་ནས་ཁ་ཆེམས་བཞག་ན། །
ཕོ་ང་ཚོའི་ཡིད་སེམས་ལོས་སྨྲེང༌། །
སེམས་སྨྲེང་བ་རྫ་ལ་བཀུག་ན། །
རྫ་རི་ལུང་སྨུག་གིས་གང་གི །
ཤ་མཆིན་པ་སྟེང་འོག་བརྗེ་གི །
ངས་རོགས་ཀྱི་ལག་མགོའི་བཟུང་ནས། །
སེམས་སྙིང་གཏམ་བརྗོད་འདོད་ཡོད་རུང༌། །
ཚིག་གཅིག་ཀྱང་ངག་ནས་མ་ཁྲོལ། །
བསམས་བསམས་པའི་མཐའ་མ་ཞིག་ལ། །
ངའི་ངག་ནས་ཚིག་གཅིག་ཤོར་ནོ། །
ང་མི་འགྲོ་འདུག་རྒྱུ་ཟེར་དུས། །
རོགས་ཆུང་ལོའི་ནང་མི་ཚང་མས། །
ང་བཙན་གྱིས་སྒོ་ལ་དེད་ཐལ། །
ཞེ་མཐུན་པའི་རོགས་ལོ་ལོ་ལོ། །
ཚེ་འདི་ནས་ཐུག་དབང་མེད་རུང༌། །
ཚེ་ཕྱི་མའི་བར་དོ་ཁམས་ནས། །
ཁྱོད་ཐུག་གི་སྨོན་ལམ་ངས་འདེབས། །
ཁ་ཕྱིར་འཁོར་ཡུལ་ལ་ཡོང་ཚེ། །
ངའི་དྲིན་ཆེན་ཕ་ལོ་ཀན་གིས། །
ཁྱོད་གར་སོང་གང་སོང་འདྲི་གི །
ལན་འདེབས་འདོད་ཡོད་ནི་མ་དགོས། །
སྐད་གོ་ན་རྣ་ལ་སྡུག་གི །
རྒྱུ་བྱིན་གྱི་ཆུང་མ་ཀན་གྱིས། །
ཁྱོད་སྐོམ་ཡོད་ཇ་ཐུངས་ཟེར་གི །
འཐུང་མ་དགོས་མིག་གིས་མ་བལྟས། །
ཁྱོད་ཅི་རེད་གང་རེད་འདྲི་གི །
ཕར་འཁོར་ནས་ཚིག་ལན་མ་བྱིན། །
ཕྱི་ནངས་མོ་ཉི་རྩེ་ཤར་དུས། །
ངས་རོགས་ལོའི་སྙིང་གཏམ་བསམས་ནས། །
གོས་རི་མོ་ཅན་ཞིག་གོན་ནས། །
བོའུ་རྭ་རིང་རྒྱབ་ལ་ཁུར་ནས། །
རྣོ་རལ་གྲི་སྐེད་ལ་བཏགས་ནས། །
རྟ་ནོར་ལུག་རྩྭ་ཐོག་དེད་ལ། །
རི་མཐོན་པོ་ཞིག་གི་མགོ་ནས། །
རོགས་ཆུང་ལོའི་ཕྱོགས་ལ་བལྟས་ན། །
རྫ་མཐོན་པོ་སྨུག་གིས་བཟུང་བས། །
ཕྱོགས་དེ་ས་རིག་ཁ་དཀའ་གི །
ངའི་མནའ་བཅད་ཤེས་རབ་རྒྱལ་གྱིས། །
རྒྱང་ཞིག་ནས་རྒྱང་འབོད་བྱས་ཏེ། །
རོགས་སྒྲོལ་འཚོ་མ་འཚམས་ཟེར་གི །
གཏམ་ངན་པ་གནམ་ལྕགས་ཐོག་རེད། །
ཐོག་དམར་བོས་བྲག་རི་གཏོར་ཐལ། །
ངའི་མགོ་ལ་མུན་པ་འཐིབས་ནས། །
ལུས་ལྷུ་ཆེན་ལྷུ་ཆུང་འཐོར་ཐལ། །
སེམས་གངས་དཀར་ཉི་མས་བཞུས་ཏེ། །
མིག་ཁྲ་ཆུང་མཆི་མས་བརླན་ཐལ། །
ཨ་ཤི་རེ་རོགས་ལོ་སྙིང་རྗེ། །
ངོ་མ་ཐུག་གང་ལ་བུད་སོང༌། །
ང་གཅིག་པུ་ཤུལ་ནས་བསྐྱུར་ཏེ། །
ངོ་མི་ཐུག་ཕྱི་མའི་ཡུལ་ལ། །
མ་ཁྱོད་རང་འགྲོ་རེ་ཕོད་དམ། །
ངའི་མནའ་བཅད་ཚེ་རིང་ལོ་བརྒྱ། །
ཉིན་དེ་རིང་བསམ་པ་ཁྱོད་གཏོད། །
ངའི་གྲོགས་བཟང་ཤེས་རབ་བཀྲ་ཤིས། །
དུས་དེ་རིང་སེམས་གཏམ་ཁྱོད་བཤད། །
གནས་འཇིག་རྟེན་འཁོར་བའི་ནང་ན། །
སྐྱིད་མེད་ཀི་ཟེར་ན་ཅི་བདེན། །
དབང་མེད་ཀི་ཟེར་ནོ་ལོས་བདེན། །
སྐྱིད་ཡོད་རུང་རང་དབང་མེད་ན། །
ཚེ་འདི་ནས་འདུག་འདོད་ང་མེད། །
རོགས་སྒྲོལ་འཚོའི་རྗེས་སུ་འགྲོ་རྒྱུ། །
ཕྱུགས་གཡང་ཟོག་རྟ་ནོར་ལུག་གསུམ། །
ངས་དེ་རིང་མནའ་བཅད་ཁྱོད་བཅོལ། །
བོའུ་རྭ་རིང་རལ་གྲི་མཚོན་ཆ། །
ངས་དེ་རིང་གྲོགས་བཟང་ཁྱོད་བཅོལ། །
ངའི་ཡུལ་ཕྱོགས་ས་ལ་འགྲོ་ན། །
ཡུལ་དྲིན་ཆེན་ཕ་མར་འདི་སྤྲོད། །
ངའི་དྲིན་ཆེན་ཕ་མ་གཉིས་ཀས། །
བུ་གར་སོང་གང་སོང་ཟེར་ན། །
གསང་མི་དགོས་ཚིག་སྐུར་འདི་ཤོད། །
སྟོད་རྫ་རི་མཐོན་པོ་གངས་རེད། །
ང་གངས་རི་རྩེ་ལ་འགྲོ་རྒྱུ། །
ངའི་རོགས་ཀྱིས་དེ་ན་སྒུག་ཡོད། །
བོད་ལྗོངས་དཀྱིལ་སྔོན་པོ་མཚོ་རེད། །
ང་མཚོ་ཆེན་དཀྱིལ་ལ་འགྲོ་རྒྱུ། །
ངའི་རོགས་ཀྱིས་དེ་ན་སྒུག་ཡོད། །
ཚེ་འདི་ནས་འགྲོག་དབང་མ་བྱིན། །
ཚེ་ཕྱི་མའི་ཡུལ་ནས་ལོས་ཐུག །
ཡང་ཐུག་ན་འགྲོག་དབང་ལོས་ཡོད། །
ངའི་རྒྱུ་བྱིན་ཆུང་མ་དེ་ཡིས། །
ཕོ་ང་རང་གར་སོང་འདྲི་ན། །
གསང་མི་དགོས་དྲང་གཏམ་འདི་ཤོད། །
མ་ཁྱོད་དང་ལས་ངན་དོན་གྲུབ། །
ཉིན་ཞག་མ་བཅུ་ལ་འགྲོགས་ནོ། །
སྲོལ་ངན་པའི་རྐྱེན་དང་དབང་རེད། །
རྒྱུ་ཇ་ཆང་དངོས་པོའི་ངོ་རེད། །
ཡུལ་དྲིན་ཆེན་ཕ་མའི་བཀའ་རེད། །
རྐྱེན་ངན་པ་དེ་གསུམ་ཕྲད་དེ། །
ངེད་གཉིས་ཀྱི་དབང་ལ་མ་ཡོང༌། །
ཉིན་ཞག་བཅུ་རིང་གི་ཞེ་འདང༌། །
གཏིང་མི་ཟབ་ཆུ་ཁའི་ཝུ་རེད། །
ཝུ་ཡང་མོར་རྩ་བ་ཅང་མེད། །
རླུང་བསེར་བུ་གཡུག་ན་ཁུར་འགྲོ། །
ཁྱོས་དཔྱིད་གསུམ་ཁ་བར་དཔེ་ལོངས། །
དཔེ་ལོངས་ལ་འུ་གཉིས་འདང་འདྲ། །
ཁྱོས་སྟོན་གསུམ་འབྲས་བུར་དཔེ་ལོངས། །
དཔེ་ལོངས་ལ་ཞེ་འདང་དེ་འདྲ། །
དུས་དེ་རིང་ཉི་མའི་ཕན་ཆད། །
ཕོ་དོན་གྲུབ་ཡིད་ལ་མ་དྲན། །
ང་དོན་གྲུབ་ཟེར་ནས་མ་འབོད། །
ངའི་དོན་ལ་མིག་ཆུ་མ་གཏོར། །
ཁྱིམ་བཟའ་བའི་བསམ་པས་མ་འཛིན། །
སྐྱིད་འཇིག་རྟེན་འཚོ་བའི་ཁྲོད་ནས། །
ཞེ་མཐུན་པའི་ན་ཟླ་ཞིག་ལ། །
ཚེ་གང་གི་བཟའ་ཚང་བསྒྲིགས་ན། །
མ་ཁྱོད་ཀྱི་ཚེ་འདིའི་སྐྱིད་ཡིན། །
ངའི་སེམས་ཀྱི་འདོད་པ་དེ་ཡིན། །
དེ་མིན་པའི་བསམ་རྒྱུ་ང་མེད། །
ཚིག་འདི་ལས་བཤད་རྒྱུ་གཞན་མེད། །
གཅིག་ཡོད་རུང་བཤད་པའི་ཤུགས་མེད། །
ཚེ་འདི་ཡི་དྲིན་ཆེན་ཕ་མ། །
ལས་ངན་པའི་རྒྱུ་བྱིན་ཆུང་མ། །
དགའ་གྲོགས་བཟང་ཁ་ཡ་ན་ཟླ། །
བློ་ཁྲེལ་ཡོད་མནའ་བཅད་ཤེས་རབ། །
ཁྱེད་ཚང་མའི་སྐུ་ལུས་བདེ་མོ། །
ཁྱེད་རྣམ་པ་སྐྱིད་ནས་བསྡད་ན། །
ཕོ་ང་ཡི་སེམས་ཀྱི་འདོད་ཡིན། །
ཁ་མ་ཡིན་སྙིང་གི་གཏམ་ཡིན། །




དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com