汉文主页

 

 

 
ཨ་མདོའི་དམངས་གླུའི་སྐོར་རགས་ཙམ་གླེང་བ།
 
 
རྩོམ་པ་པོ་སྙིང་བྱམས་རྒྱལ། རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ། དུས་ཚོད2009-6-4 10:58:07 ཡོང་ཁུངས་མཚོ་སྔོན་པོ་དྲ་བ།
   དེང་འདིར་ཕྱི་ནང་རྒྱུ་རྐྱེན་མཡང་པོ་གཅིག་ཏུ་ཚོགས་པའི་འབྲས་རྟགས་དང་ཚོང་རའི་དཔལ་འབྱོར་གྱི་འགྲན་རྩོད་དྲག་པོའི་ཚ་རླབས་ཀྱིས་ཕྱི་ནང་བར་གྱི་འགྲོ་འོང་དང་ཁྱད་པར་དུ་ཕྱི་ཕྱོགས་སུ་འབྲེལ་འདྲིས་བྱེད་པའི་སྒོ་མོ་ཡངས་པོར་ཕྱེ་བའི་སྲོལ་བཟང་དར་བ་དང་མཉམ་དུ་ཕྱི་ཕྱོགས་ཀྱི་སྔོན་ཐོན་རིག་གནས་སློབ་སྦྱོང་དང་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ཞན་ཆར་དོགས་སློང་བྱས་ཏེ།   རང་ལ་མེད་པ་ནང་འདྲེན་དང་ཆད་པ་ཁ་གསབ།  རྙིང་ཚབ་གསར་བས་བྱེད་རྒྱུའི་དཔྱོད་ཤེས་ཀྱི་བསམ་བློའི་ཡོ་ལང་འཕྱུར་ཏེ་རང་གི་རིག་གནས་ཀྱི་ནང་ཁོངས་འཚོམས་པོ་དང་ཆ་ཚང་དུ་གཏོང་འདོད་ཀྱི་མེ་ལྕེ་དྲོན་མོ་གང་སར་བཆེད་གྱིན་པ་འདི་མ་འོངས་པའི་གངས་ལྗོངས་མཚར་སྡུག་འོད་སྟོང་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་སྔ་ལྟས་ལགས་པས་ཡིད་སེམས་ཅིར་མི་མགུ།  ཡིན་ནའང་སྐབས་འདིར་རང་གི་ཡོད་ཚད་རྙིང་བ་དང་རྗེས་ལུས་སུ་སྙམ་པའི་ལྟ་ཚུལ་མཁྲེགས་འཛིན་བྱས་ཏེ་འདོར་ཅི་ཐུབ་བྱེད་པ་ནིསྤརང་པོའི་རྩམ་ཁུག་ནང་ལ་འགོང་བོ་བསེར་བུའིརྗེས་ལ་འགྲོ་ཉེན་ཡོད་པས།  དཔའ་རིས་སངས་རྒྱས་ལགས་ཀྱིསརྗིང་བ་མེད་པ་གསར་བ་མེད།  ཕ་མ་མེད་ན་བུ་རྒྱུད་མེད།  རིག་གནས་རྙིང་བ་ནི་རིག་གནས་གསར་བ་སྤེལ་བའི་གཞི་ཡིན་ལ།  རིག་གནས་གསར་བ་ནི་རིག་གནས་རྙིང་བ་བསྲིངས་པའི་རྒྱུན་ཡིན།ཞེས་པ་ལྟར།   མེས་པོ་གོང་མ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མར་རང་བྱུང་ཁམས་ཆེན་པོར་འཐབ་སྐྱོང་དང་བསྒྱུར་བཀོད་བྱས་ཏེ།  མི་རིགས་གཞན་དག་ལ་ངོ་གནོང་མི་དགོས་པའི་ཐུན་མིན་གྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་ལ།   དེ་དག་ཀྱང་མི་རབས་མང་པོས་འཚོ་བ་དངོས་ལ་ཞིབ་འཇུག་དང་འཚོལ་རྟོག   ཉམས་མྱོང་གསོགས་འཇོག་བྱས་པའི་རྨང་གཞིའི་སྟེང་བསྲེགས་བཅད་བརྡར་གསུམ་བྱས་ཡོད་པས།   མེས་པོའི་ཤུལ་ནོར་དྭངས་མར་གཅེས་སྤྲས་དང་བྱི་དོར་བྱེད་རྒྱུ་ནི་གནད་ཀྱི་དོན་པོར་རང་ཡིན་ཏེ།   མ་གཞི་མེད་པ་གསར་གཏོད་དང་ནང་འདྲེན་བྱེད་པའི་རྣམ་དཔྱོད་རྩལ་གྱིས་མི་འདང་ཡང་།   ཡོད་པ་རྒྱུན་འཛིན་དང་ཁྱབ་གདལ།  དར་སྤེལ་དུ་གཏོང་བསའི་ཁུར་འདི་ང་ཚོད་ཅིས་ཀྱང་ཐེག་དགོས་རྒྱུ་རེད་ཨང་།
དམངས་ཁྲོད་ཀྱི་རྩོམ་རིག་སྒྱུ་རྩལ་ནི་གོང་དུ་བཤད་པའི་ཐུན་མིན་རིག་གནས་གྲས་ཀྱི་བྱེ་བྲག་ཅིག་ཡིན་ལ།  དེ་ལའང་ལྷ་སྒྲུང་དང་གཏམ་རྒྱུད།  མགུར་དང་གླུ་གཞས།  ལ་གཞས།  ལོ་རྒྱུས་སྙན་རྩོམ།  དོན་བརྗོད་སྙན་རྩོམ།  བཤད་པ།  འབྲས་དཀར།   ཁེད།  གཏམ་དཔེ།   ཁ་མཚར།   བསྟོད་པ།  བསང་མཆོད།  འདོགས་རེས་སོགས་སྣ་མང་ལ་མི་རིགས་རང་གི་གཉུག་མའི་ལྷན་གཤིས་ལྡན་ཞིང་མར་རྩམ་འོ་མའི་ངད་ཁ་མ་ཡལ་བར་ཚིག་དོན་གཉིས་ཀར་ཁྱད་ཆོས་ཀྱིས་ཕྱུག་པ་ཀུན་གྱིས་མཐོང་ཆོས་སུ་ཡོད་པས།  འདིར་ཨ་མདོ་ཡུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་དམངས་གླུའི་སྐོར་རགས་ཙམ་གླེང་བར་བྱ་བ་ལ།
   གཅིག   དམངས་གླུའི་བྱུང་འཕེལ།
   དམངས་གླུ་ཞེས་པ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་དུས་རིམ་ནང་ཡོད་ལ་ཚུར་སྣ་བྱས་པའི་ཕྱི་རོལ་གྱི་ཆོས་དངོས་དེ་དག་ལ་ངོས་འཛིན་བྱས་ཏེ།  ངག་གི་འགྱུར་ཁུགས་ལ་དྲངས་ནས་ལེན་པའི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་ལ་ཟེར་ཞིང་།  ཐོག་མར་དར་བའི་ཡུལ་ནི།  བོད་ཀྱི་བཙན་པོའི་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེར་གཤེགས་པའི་ཡུལ་གྲུ་སྟེ།  ……ཡུལ་ཡར་ཀླུང་གི་ཕྱོགས་འདི་ཡིན་ནོ༎ཞེས་པ་ལྟར་ཐོག་མར་ཡར་ཀླུང་ཕྱོགས་ནས་བྱུང་ཞིང་།  ཐོག་མར་དར་བའི་དུས་སྐབས་ཀྱང་གཉའ་ཁྲི་བཙན་པོའི་སྐུ་རིང་ལ་བྱུང་ཚུལཆོས་འབྱུང་མེ་ཏོག་སྙིང་བལས་གསུངས་མོད།   བྱེ་བྲག་གི་ལོ་ཚིགས་ལ་བཞེད་པ་མི་མཐུན།   དབྱིན་ཇིའི་མཁས་དབང་ཀྲི་ཐང་མུའུ་སིན་གྱིགླུ་ཡི་བྱུང་བ་བརྗོད་པཞེས་པར།  གདོད་མའི་དུས་སྐབས་སུ་མི་རྣམས་ཀྱིས་ཐུན་མོང་གི་ངལ་རྩོལ་ཁྲོད་དུ་བྱུང་བའི་འགྲོས་རིམ་དང་ལྡན་པའི་བྱ་བ་དེར་གྲུབ་ཆ་གཉིས་ཡོད་དེ།  ལུས་པོའི་གྲུབ་ཆ་དང་ངག་གི་གྲུབ་ཆ་རེད།  སྔ་མ་འཕེལ་རྒྱས་བྱུང་བ་ལས་ཟློས་གར་དང་ཕྱི་མ་འཕེལ་རྒྱས་བྱུང་བ་ལས་སྐད་ཆ་དང་གླུ་ངག་བྱུང་བ་རེད།  ཅེས་པ་ལྟར།  བོད་ཀྱི་འགྲོབ་མིའི་རིགས་བྱུང་ནས་དེ་ལ་ཐུན་མོང་གི་འཚོ་བ་ཡོད་པ་ནས་འགྲོས་རིམ་ལྡན་པའི་གླུ་གཞས་བྱུང་བར་ར་སྤྲོད་ཐུབ།   དེ་མ་ཟད་རྒྱ་ཤ་ཅུ་ས་ཆ་ནས་བཏོན་པའི་བོད་ཀྱི་གཏེར་ཡིག་ཏུ་བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་རིང་གི་མགུར་གླུ་ཁ་ཤས་བཀོད་ཡོད་པར་གཞིགས་ན་གླུ་འདི་དེའི་སྔོན་ནས་བྱུང་ཡོད་པའི་བདེན་པ་རྙེད་ཐུབ།  སྐབས་དེར་གླུ་དང་མགུར་གཉིས་དོན་གཅིག་ཡིན་ཏེ་གླུ་ལ་མགུར་དང་།  མགུར་ལ་གླུ་ཞེས་འབོད་པ་མ་ཟད།  ལུས་སྲོག་རྒྱན་གསུམ་གང་གི་ཆ་ནས་ཀྱང་གཅིག་འདྲ་ཡིན་ལ།  ཕྱིས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་གྲུབ་པ་ནི་སངས་རྒྱས་བསྟན་པ་དེ་བོན་པོའི་ཆོས་ལུགས་ལས་རྣམ་པར་རྒྱལ་ཏེ་བོད་གངས་ཅན་གྱི་ལྗོངས་སུ་རྩ་བ་ཚུགས་པའི་རྟགས་གལ་ཆེན་ཞིག་ཡིན་པས།  དམངས་གླུ་ཆོས་གླུ་གཉིས་སུ་གྱེས་པའི་དུས་མཚམས་དེ་སྐབས་འདི་ལ་བྱས་ན་འོས་པར་སྙམ།  ཞེས་པ་ལྟར།   སྤྱི་ཚོགས་འཕེལ་རྒྱས་དང་ནང་བསྟན་དར་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་དུས་རབས་བརྒྱད་པ་ནས་བཟུང་གླུང་དང་མགུར་གཉིས་ཀ་ཡང་ཁ་ཁར་སོང་ནས་ཆོས་ལུགས་པས་བླངས་པའི་ཆོས་ཀྱི་ནང་དོན་ལྡན་པའི་གླུ་ལ་མགུར་དང་།   ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་ངལ་རྩོལ་གྱི་འཚོ་བའི་ཁྲོད་ལེན་པ་ལ་གླུ་ཞེས་ཟེར།   གང་ལྟར་དེང་གི་དམངས་གླུང་འདི་དག་ནི་གནའ་བོའི་བོད་རིགས་མི་དམངས་ཚོས་འཚོ་བ་དང་ཐོན་སྐྱེད་ངལ་རྩོལ་གྱི་གོ་རིམ་ཁྲོད་ཕན་ཚུན་གོ་བརྡ་སྤྲོད་རེས་བྱེ་པའི་སྐབས་སུ་གླུའི་སྒྱུ་རྩལ་གྱི་རྣམ་པ་བེད་སྤྱད་པ་ལས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པ་ནི་གདོན་མི་ཟ་ལ།   དེ་དག་ཀྱང་དཔེ་དོན་གཉིས་ཀས་དོན་གང་ཞིག་གསལ་བོར་མཚོན་པར་ཚིག་སྡུད་ཅིང་བབ་ཆགས་པ་དང་།  ཆབ་སྲིད་དང་འཚོ་བ་དངོས་ལ་དམ་པོར་འབྲེལ་བ་ཤ་སྟག་ཡིན་ཞིང་།   དཔེར་ན་གྲི་གུམ་བཙན་པོ་ལོ་ངམ་རྟ་རྫི་དང་འཐབ་སྟེ་བཀྲོངས་རྗེས་ཉ་ཁྲིས་བླངས་པའི་མགུར་གླུ་སྟེ།
   “འ་བ་ཉིད་ཉེ་བ་ཉིད།  བྱ་རོ་རོ་ན་མདུང་གི་རྩེ་རང་ནིག   ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག   བརླའ་བརྡུངས།  སྤུར་བཏབ།  འོབ་དེ་མྱེད་སྤུ་དེ་མྱེད།ཞེས་པ་ལྟ་བུ་ནི་ཚིག་རྐང་དང་པོ་དོན་དང་།  ཚིག་རྐང་གཉིས་པ་དང་གསུམ་པ་གཉིས་དཔེའི་སྒོ་ནས་བརྗོད་ཡོད་པས།  ཕྱིས་ཀྱི་དམངས་གླུ་ཁྱབ་གདལ་དང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་ལེགས་པོ་བཏིངས་ཡོད་པ་ནི་ཚིག་དོན་གང་གི་ཆ་ནས་ཀྱང་གསལ་བོ་མཐོང་ཐུབ།
   ལོ་རེ་བཞིན་སྤྱི་ཚོགས་དང་རིག་གནས།  བསམ་བློ་སོགས་གོང་འཕེལ་དུ་འགྲོ་བ་དང་བསྟུན་ནས་དམངས་གླུའི་སྒྱུ་རྩལ་དང་མཚོན་སྟངས།  རྣམ་པ་གང་ཐད་ནས་ཀྱང་རིག་གནས་ཀྱི་ཁྱབ་ཁོངས་གཞན་དག་དང་འདྲ་བར་འཐུས་ཚང་དང་འཕེལ་རྒྱས་སུ་སོང་ཡོད་ལ།  དཔེར་ན།  དུས་རབས་བདུན་པའི་དུས་མཇུག་ཏུ་འདུས་སྲོང་མང་པོ་རྗེའི་སྐབས་སུ་བློན་པོ་མགར་གྱིས་བཙན་པོར་གློ་བ་རིངས་པའི་ཚེ་ན་བཙན་པོ་འདུས་སྲོང་གིས་བླངས་པའི་མགུར་གླུ་སྟེ།  བྱ་པུ་ནི་ལུང་ཆུངས་ན།  འབངས་ཤིག་ནི་རྗེ་རུ་རེ།  འབངས་ལས་ནི་རྗེ་རེ་བ།  མཐིང་འབྲང་ནི་གྱེན་དུ་འགྱུར།  པོ་བོང་ནི་རི་ལ་འདྲིལ།  བྱ་མདིའི་ནི་སྨྲ་འོར་གྱིས།  ཤམས་པོ་ནི་གངས་དྲུང་དུ།  སྣང་དང་ནི་ཞུགས་བལྟམ་ཡང་།  ཤམ་པོ་ནི་གངས་མི་ཞུ།  ཡར་ཆདཆབནི་སྔོན་པོ་ལ།  ཆུ་བ་ཆད་ནི་ཡར་དྲངས་ཀྱང་།  ཡར་ཆབ་ནི་གཟུང་མི་སྐབས།ཞེས་པ་ལྟ་བུ་ནི།   གོང་ནི་དུས་རབས་དྲུག་པའི་སྐབས་ཀྱི་མགུར་གླུ་དང་བསྡུར་ན་དཔེ་དོན་དང་ཚིག་རྐང་གི་རིང་ཐུང་།  སྒྱུ་རྩལ་གྱི་ཁྱད་ཆོས་གསལ་བོར་མཚོན་ཐུབ།
   དུས་རབས་བརྒྱད་པའི་སྐབས་ཀྱི་མགུར་གླུ་དེ་དུས་རབས་སྔོན་མ་ལས་ཀྱང་མངོན་གསལ་གྱིས་འཕེལ་རྒྱས་སུ་སོང་ཡོད་པ་ནི་ཐོན་མིས་བླངས་པའི་མགུར་ལས་གསལ་བོར་མཐོང་ཐུབ་སྟེ།
   “ང་དྲིན་ཆེན་གྱི་ཐོན་མི་ངས༎  ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ༎  ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད༎  ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ༎  ཡིད་གུས་ཚུལ་གྱིས་མོས་གུས་བྱས༎  ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ༎  དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན༎  བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས༎ཞེས་པ་ལྟ་བུ་ནི་རང་བཞིན་བརྗོད་པའི་སྒོ་ནས་བརྗོད་འདོད་ཀྱི་དོན་གང་ཞིག་ཚིག་གི་སྡེབ་ལེགས་ཤིང་སྙན་པ།   གོ་བདེ་ཞིང་དབྱངས་འགྲོ་དང་ལྡན་པའི་ངང་ནས་མཚོན་ཡོད་པས།  ཚིག་རྐང་གི་རིང་ཐུང་ཡང་དེང་གི་དམངས་གླུ་དང་ཨ་ན་མ་ན་ཡིན་ཞིང་།  མཚོན་སྟངས་དང་ཉམས་འགྱུར།  རྩོམ་ཚུལ་གང་གི་ཐད་ནས་ཀྱང་དུས་ཕྱིས་ཀྱི་དམངས་གླུ་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་ནི་བསྙོན་དུ་མེད།
   དུས་རབས་བཅུ་གཅིག་པའི་དུས་མཇུག་ཏུ་སླེབས་སུ་དེང་གི་དམངས་གླུའི་སྒྱུ་རྩལ་གྱི་ཉམས་དང་ཚིག་སྦྱོར།   མཚོན་སྟངས་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་གྱི་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་མི་ལ་རས་པའི་མགུར་གླུ་ལས་གསལ་བོར་ཤེས་ཐུབ།  དེ་ཡང་རས་ཆུང་བར་བླངས་པའི་མགུར་གླུ་དཔེར་ན།  གངས་སྟོད་ཀྱི་སེང་གེ་དཀར་མོ་ཁྱོད༎  རོང་དུ་མ་འབབ་གངས་སྟོད་ཟུངས༎  བརྒྱ་ལ་རོང་དུ་བབས་པ་ན༎  གཡུ་རལ་ཉམས་ཀྱིས་མ་དོགས་སམ༎  གཡུ་རལ་ངོས་ཤིང་གངས་སྟོད་ཟུངས༎  ད་རེས་བླ་མའི་བཀའ་ལ་ཉོན༎  བྲག་སྟོད་ཀྱི་སྟག་གུ་རི་བཀྲ་ཁྱོད༎  ས་མཐར་མ་འབབ་ནག་སྟོད་ཟུངས༎  བརྒྱ་ལ་ས་མཐར་བབས་པ་ན༎  གྲ་འཛུམ་ཉམས་ཀྱིས་མ་དོགས་སམ༎  གྲ་འཛུམ་ངོས་ཤིང་ནགས་སྟོད་ཟུངས༎  ད་རེས་བླ་མའི་བཀའ་ལ་ཉོན༎……”ཞེས་པ་ལྟ་བུ་ནི་དཔེ་མང་པོས་དཔེ་ཅན་གང་ཞིག་གོམ་གང་མདུན་སྤོས་ཀྱིས་གསལ་བར་སྟོན་པའི་གྲོགས་སུ་སྨིན་པ་དང་།  ཁྱད་པར་དུ་དཔེ་དོན་གཉིས་ངོ་བོ་གཅིག་ཏུ་འདྲེས་ཏེ་དཔེ་དེ་བརྗོད་དོན་མཚོན་བྱེད་ཀྱི་རྟེན་དུ་གྱུར་ཡོད་པས།  དེང་གི་དམངས་གླུའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཡོངས་སུ་མཐུན་ལ།  ཁྱད་པར་དུ་དཔེ་དེ་དག་ཀྱང་དབང་བོ་མངོན་སུམ་པའི་ཉམས་སུ་མྱོང་ཐུབ་པའམ་མཐོང་ཐོས་ཅི་རིགས་ཀྱི་དཔེ་དག་ཡིན་པས།  དེང་སྐབས་ཀྱི་དམངས་གླུའི་རྣམ་པ་དང་ནང་དོན།  མཚོན་སྟངས།  དཔེ་དོན་སོགས་ལ་ཤན་ཤུགས་མི་ཉུང་བ་ཐེབས་ཡོད་པ་ནི་མཐོང་བ་ཙམ་གྱིས་རྟོགས་ཐུབ།
   དེ་བཞིན་དུ་དུརབས་བཅུ་བདུན་པའི་སྐབས་ཀྱི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་དུས་རབས་བཅུ་དགུ་བའི་སྐབས་ཀྱི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གླུ་སོགས་ཀྱིས་ཀྱང་སྤྱི་ཚོགས་དང་དུས་རབས་མི་འདྲ་བའི་འོག་ནས་བོད་ཀྱི་དམངས་གླུ་གོང་དུ་འཕེལ་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་ཡིན་ལ།  གང་ལྟར་དེང་སྐབས་ཀྱི་དམངས་གླུ་སྒྱུ་རྩལ་འདི་དུས་རབས་རིམ་བྱུང་གི་མཁས་དབང་རིམ་བྱོན་གྱི་མགུར་གླུའི་ཤུགས་རྐྱེན་འོག་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཐོན་སྐྱེད་ངལ་རྩོལ་དང་འཚོ་བའི་ཉམས་མྱོང་།  བརྒྱུད་རིམ།  འཚོལ་རྟོག   ཞིབ་འཇུག་སོགས་བརྒྱུད་ནས་བསྲེགས་བཅད་བརྡར་གསུམ་བྱས་ཏེ་རྣམ་པ་མང་ཞིང་ཕུན་སུམ་ཚོགས་པ།  ཚིག་སྦྱོར་བདེ་ཞིང་གོ་སླ་བ།  ནང་དོན་འཚོ་བ་དངོས་དང་དམ་པོར་འབྲེལ་ཞིང་མང་ཚོགས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་དམངས་གླུའི་སྒྱུར་ྩལ་འདི་བྱུང་བ་ནི་གདོན་མི་ཟ་བས།  གཤམ་དུ་དམངས་གླུའི་ཁྱད་ཆོས་དང་རྨ་གྲངས་སྐོར་རགས་ཙམ་བརྗོད་པར་བྱའོ༎
   གཉིས།  དམངས་གླུའི་ཁྱད་ཆོས་དང་རྣམ་གྲངས།
   འདིར་བཤད་པའི་དམངས་གླུ་དང་དབུས་གཙང་ཕྱོགས་སུ་དར་ཁྱབ་ཆེ་བའི་དམངས་གཞས་གཉིས་ལ་ཀྱད་པར་ཆེན་པོ་ཡོད་ཅིང་།  གཉིས་ཀའང་གདོད་མའི་གླུའམ་མགུར་གྱི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་བྱུང་བ་ནི་གདོན་མི་ཟ།  གང་ལྟར་དམངས་གླུ་ནི་མི་གཅིག་གམ་ཡང་ན་དུ་མ་ཞིག་གི་བློ་བོ་ནས་བརྩམས་ཏེ་ལེགས་སྒྲིག་དང་ལས་སྣོན།  དར་སྤེལ།  ཁྱབ་གདལ།  མཇུག་མཐར་དབྱངས་ལ་སྦྱོར་བའི་བར་དུ་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་གི་ངག་ཐོག་ནས་གྲུབ་པ་ཡིན་པས།  གཞས་ཚིག་རེ་རེའི་ཚིག་འབྲུ་ཀློག་བདེ་ཞིང་གྲེ་འགྱུར་གྱི་འགུག་ལུགས་ལ་མཐུན་པ་དང་།  དགའ་སྐྱོ་ཆགས་སྡང་གི་སེམས་འགྱུ་དེ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་སྟེང་ནས་གསལ་བོ་ཡིན་ལ།  ཚིག་དོན་གྱི་ཆ་ནས་མཁས་དབང་དོར་ཞིསདགའ་སྐྱོ་ཆགས་སྡང་ཁོང་ནས་བརྡོལ་བའི་རླབས༎  རང་བྱུང་ལྷུན་གྲུབ་གདངས་སུ་འཕོས་པའི་དབྱངས༎  ཡིད་ཀྱི་མཚོ་མོ་སྐྱོམ་བྱེད་བསྐལ་བའི་རླུང་༎  བརྗོད་འདས་ཞིང་དུ་རྣམ་ཤེས་འཕོ་བའི་ལམ༎ཞེས་གསུངས་པ་ལྟར་རྩོམ་རིག་གི་ཁྱབ་ཁོངས་གཞས་དང་འདྲེས་མེད་པར་རང་ཚུགས་ཀྱི་ཁྱད་ཆོས་ལྡན་ཞིང་།  བརྗོད་དོན་གསལ་བོར་སྟོན་བྱེད་ཀྱི་དཔེ་དེ་ཡང་མཁས་དབང་གོང་མ་རྣམས་ཀྱི་སྙན་ངག་ལྟར་རྩོམ་མཁན་དང་ཀློག་མཁན་གཉིས་ཀར་དབང་བོ་མངོན་སུམ་པའི་ཉམས་མྱོང་དང་མཐཡོང་ཚོར་མེད་པའི་ཆ་མེད་རྒྱུས་མེད་ཀྱི་དཔེ་དག་བཀོད་མེད་པར།  དཔེ་ཅན་གང་ཞིག་མཚོན་བྱེད་དམ་གསལ་བར་སྟོན་བྱེད་ཀྱི་དཔེ་མཐའ་དག་རང་གི་ཉེ་འཁོར་དུ་ཡོད་ཅིང་དུས་རྒྱུན་མཐོང་ཐོས་སུ་གྱུར་བའི་བྱ་བྱེའུ་དང་རི་དྭགས།  གཅན་གཟན།  ཕྱུགས་ཟོག  རི་ཆུ།  ནགས་བྲག   གནམ་ས་སོགས་ཆ་རྒྱུས་ཡོད་པ།  འཚོ་བ་དང་སེམས་དམ་པོར་འབྲེལ་ཡོད་པ་ཤ་སྟག་ཡིན་པས།  ཐོས་པ་ཙམ་གྱིས་དཔེ་དེ་ཡིད་ལ་འཆར་རྒྱུ་ཡོད་པ་དང་དོན་གསལ་བོ་རྟོགས་ཐུབ་པ།  ཁྱད་པར་དུ་དཔེ་གང་ཡིན་རུང་དཔེ་དེ་ཁེར་ཚུགས་ཅན་དུ་བསྐྱུར་མེད་པར་གླུའི་བརྗོད་དོན་གཙོ་བོ་དང་ཚད་མཐུན་པོས་དཔེའི་བྱ་དངོས་དེ་ངོ་བོ་གཅིག་ཏུ་འབྲེལ་ཆགས་པར་བྱས་ཏེ།  དཔེའི་བྱ་དངོས་དེ་བརྗོད་དོན་མཚོན་བྱེད་ཀྱི་རྟེན་དུ་གྱུར་ཡོད་པས།  ཉན་མཁན་ལ་བདེ་སྡུག་གི་ཚོར་བ་ལྷང་ལྷང་དུ་བསྐྱེད་ངེས་པ་ཡང་གནད་ཀ་དེ་ལ་ཐུག་ཡོད་པར་སྙམ།  གཞན་ཡང་ཚིག་སྦྱོར་དང་མཚོན་བྱེད་ཀྱི་ཐ་སྙད་ཀྱང་རྡོ་ཆག་བཙན་སྒྲིག་དང་མངོན་བརྗོད་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་སྙན་འཇེབས་དབྱངས་ཀྱི་ཁྱད་ཆོས་དང་ལྡན་ཞིང་།  དེ་ཡང་འཕྱོར་འདོད་ཀྱི་གདོང་གི་ཚོན་རྩིས་ལྟ་བུ་མ་ཡིན་པར་རང་བྱུང་ལྷུན་གྲུབ་ཀྱི་གདོང་གི་མཛེས་པ་ལྟར་འཕྲོད་བདེ་ལ་ཡིད་འཕྲོག་གི་ཁྱད་ཆོས་ཀྱི་ཕྱུག་ཡོད་ལ།  ཚིག་ཉམས་འདོན་སྟངས་ཀྱི་ཆ་ནས་ཀྱངསྙན་ངག་མེ་ལོང་མལས་བྱུང་བའི་སྒྲ་རྒྱན་དང་དོན་རྒྱན།  གང་ཚིག་གི་རྒྱན་སོགས་ཀྱི་ཉམས་ཡོད་ཅིང་།  བློ་མཆོག་དམན་སུས་ཀྱང་ཐོས་པ་ཙམ་གྱིས་གོ་བ་མི་ལོན་པ་མེད་ཅིང་བློ་ངོ་ནས་ཤར་ཤར་དུ་ལེན་ཐུབ་པ་དང་།  དབྱངས་ཀྱི་འགྱུར་ཁུག་ལ་དྲངས་པའི་ཚིག་དོན་རེ་རེས་ལེན་མཁན་གྱི་དགའ་སྐྱོ་ཅགས་སྡང་གི་ཉམས་འགྱུར་དང་བསྟུན་ནས་ཉན་མཁན་ལ་ཡང་བདེ་སྡུག་གི་ཚོར་བ་འདྲ་མིན་སྟེར་བ་མ་ཟད།  རི་མཐོ་ཞིང་ཆུ་གཙང་བ།  བྱ་བྱེའུ་འབའ་འབུ་དང་གཅན་གཟན་རི་དྭགས་གང་དགར་རྩེན་པ།  བཅུད་ཀྱི་སེམས་ཅན་ཐམས་ཅད་མཐུན་ཞིང་ཞི་བདེ་དང་སྣོད་ཀྱི་བཀོད་པ་ཇམས་ཅད་ཕུན་སུམ་ཚོགས་པའི་སྣང་བརྙན་དང།  ལྷག་པར་དུ་ཁྱིམ་གཞིས་འདི་ནས་ཡུན་རིང་ལ་འཚོ་གནས་དང་འཐབ་སྐྱོང་བྱས་པས་རང་བྱུང་ཁམས་ལ་ཆགས་པའི་བརྩེ་དུངས་རྣལ་མ་དང་ཞེན་བློའི་ཟབ་ཚད་དེ་ཡང་ངང་ངམ་ཤུགས་ཀྱིས་སྟེར་བས།  ང་ཚོས་ཅིས་ཀྱང་དམངས་གླུའི་སྒྱུ་རྩལ་ལ་རྒྱུན་འཛིན་དང་ཁྱབ་གདལ།  དར་སྤེལ་དུ་གཏོང་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་ནོ༎   མ་གཞི་འདི་ནི་ང་ཚོའ་མེས་པོ་གོང་མ་རྣམས་ཀྱིས་གནང་བའི་གཅེས་ནོར་སྟེ--ཐུན་མོང་གི་ངག་ཐོག་ནས་བྱུང་བའི་སྙན་ངག་ཡིན་པས་སོ༎
   དམངས་གླུའི་ལུས་ནི་ཚིག་བཅད་ཁོ་ན་ཡིན་ཞིང་།  དེ་ཡང་བདུན་ཚིག་དང་བརྒྱད་ཚིག་ཤས་ཆེ་ཞིང་།  དམངས་གླུ་གཅིག་ལ་དོན་ཚན་གཉིས་ཅན་དང་གསུམ་ཅན་ཡོད་ལ།  མང་ཆེ་ཤོས་དོན་ཚན་གསུམ་ཅན་ཡིན་པ་དང་།   དེའི་ཚན་པ་དང་པོ་དང་གཉིས་པ་གཉིས་བརྗོད་དོན་གང་ཞིག་གསལ་བར་སྟོན་བྱེད་ཀྱི་དཔེའི་སྒོ་ནས་བརྗོད་པ་དང་།   ཚན་པ་གསུམ་པ་དོན་གྱི་སྒོ་ནས་བརྗོད་པ་ཡིན།  ཚན་པ་དངཔོ་ནས་གསུམ་པའི་བར་གྱི་ཚིག་རྐང་དོ་མཉམ་པ་དང་།  དཔེ་དོན་སོ་སོ་ཚིག་རྐང་གཉིས་ཅན་ནས་བཞི་ཅན་བར་ཤས་ཆེ།  ལེན་སྟངས་ཀྱི་ཆ་ནས་ཁེར་ལེན་དང་མཉམ་ལེན་གཉིས་ཡོད་ཅིང་།  དྲིས་གླུ་ལེན་སྐབས་གླུ་བ་གཅིག་གིས་འདྲི་དོན་གང་དེ་དབྱངས་རྟར་དྲངས་ནས་ཕ་རོལ་བར་དྲིས་ཚེ།  ཕ་རོལ་བས་དེའི་ལན་ཡང་བསྐྱར་དབྱངས་རྟར་དྲངས་ནས་ལན་སློག་པ་ཡིན་པས་ངེས་པར་དུ་ཕྱོགས་གཉིས་ཡོད་དགོས་ལ།  གླུ་ཤགས་ཀྱང་ཕྱོགས་གཉིས་བྱས་ཏེ་ལེན་པ་ཡིན།  ལེན་མཁན་གྱི་ཕྱོགས་གཉིས་ཀའི་མི་གྲངས་ལ་ངེས་བཟུང་མེད།  སྤྱི་ཚོགས་དང་རིག་གནས་གོང་དུ་འཕེལ་བ་དང་བསྟུན་ནས་དམངས་གླུའི་རྣམ་གྲངས་ཀྱང་ཇེ་མང་དུ་སོང་ཞིང་།  ནང་དོན་རྒྱ་ཆེ་བ་དང་རྣམ་པ་མང་ཞིང་ཕུན་སུམ་ཚོགས་པས།  རྒྱུན་པར་ང་ཚོའི་མཐོང་ཐོས་སུ་གྱུར་བ་བྱེ་བྲག་ཏུ་དབྱེ་ན།  འགོ་རྩོམ་པའི་གླུ།  དྲན་གླུ།  སྐྱོ་གླུ།  སྨྲེང་གླུ།  སྡུག་གླུ།  སྐྱིད་གླུ།  བསྟོད་གླུ།  མཆོད་གླུ།  སྨོན་གླུ།  རྟེན་འབྲེལ་གྱི་གླུ།  བག་གླུ།  བཅོལ་གདམས་ཀྱི་གླུ།  སྒྲུང་གླུ།  བཀྲ་ཤིས་འཇོག་པའི་གླུ།  གླུ་ཤགས།  བར་འབྱེད་པའི་གླུ།  ཁ་མཚར་གྱི་གླུ་སོགས་ཡོད་དེ།  བསྟོད་གླུ་ལ་དཔེར་ན།  སྟོད་རྒྱ་གར་བྱང་ཆུབ་ཤིང་དྲུང་ནས༎  མགོན་རྒྱལ་བ་ཤཱཀྱ་ཐུབ་པ་འཁྲུངས༎  ཆོས་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས༎  བསྟན་ཡུན་རིང་མི་ཉམས་སྐྱོད་ཅིག་ཡོད༎  གླུ་ཚིག་བར་མ་བསྡུསཤར་ཙོང་ཁའི་སྐྱེས་རི་མཐོན་པོ་ནས༎  རྗེ་རྒྱལ་བ་བློ་བཟང་གྲགས་པ་འཁྲུངས༎  ལམ་བྱང་ཆུབ་རིམ་པའི་ཆོས་ཤིག་གསུངས༎  ལས་རྒྱུ་འབྲས་མི་ནོར་སྐྱོད་ཅིག་ཡོད༎  ཅེས་པ་ལྟ་བ།
   འགོ་རྩོམ་པའི་གླུ་ལ་དཔེར་ན།
   དགུང་ཨ་སྔོན་དཀྱིལ་ནས་གུར་ཞིག་ཕུབ༎  སྤྲིན་དཀར་དམར་གཉིས་ཀྱི་གདན་ཞིག་བཏིང་༎  དགུང་ཉི་ཟླ་གཉིས་ག་མགྲོན་ལ་འབོད༎  ཡར་ལོངས་དང་གཡུ་འབྲུག་སྔོན་མོ་རྩེ༎  ཁྱིམ་གནས་ཁང་གྲུ་བཞིའི་གུར་ཞིག་ཕུབ༎  ཕྲུག་དཀར་དམར་གཉིས་ཀྱི་གདན་ཞིག་བཏིང་༎  ཡུལ་ལུང་བཞིའི་མི་སྣ་མགྲོན་ལ་འབོད༎  ཕ་ཨ་ཁུས་ཉོན་དང་ན་ཟླ་རྩེ༎  ཞེས་པ་ཞྟ་བུ།
   སྨྲེང་གླུར་དཔེར་ན།
   བྱ་རྒས་ཀི་རྒས་ཀི་དགུང་ལ་འཕུར༎  སྟོད་སྤྲིན་དཀར་བར་ན་འདར་ར་ར༎  མགོ་སྒུར་ནས་རྒུམ་འབུ་མི་ལོན་གི །  བྱ་རྒས་པའི་སྡུག་བསྔལ་དེ་འདྲ་རེད༎  ཞེས་པ་ལྟ་བུ།
   ཁ་མཚར་གྱི་གླུ་ལ་དཔེར་ན།
   བྱ་ངང་བ་སེར་བོ་མཚོ་ནས་གྲགས༎  ངང་བ་ཟེར་བ་བྱ་མི་རེད༎  སེར་བོ་ཟེར་བ་གོས་མིང་རེད༎  ཕ་བླ་མའི་ཆོས་གོས་སེར་བོ་རེད༎  སྐྱ་ཀ་ཁྲ་མོ་ནགས་ནས་གྲགས༎  སྐྱ་ཀ་ཟེར་བ་བྱ་མི་རེད༎  ཁྲ་མོ་ཟེར་བ་རྒྱན་ཆ་རེད༎  མ་བུ་མོའི་རྒྱན་ཆ་ཁྲ་མོ་རེད༎  ཅེས་པ་ལྟ་བུ།
   བཅོལ་གདམས་ཀྱི་གླུ་ལ་དཔེར་ན།
   དགུང་ཨ་སྔོན་ཚང་ལ་བཅོལ་རྒྱུ་ཡོད༎ འབྲུག་ཕོ་ཆུང་ད་རུང་ན་ཆུང་ཡིན༎  ཆུ་ཆར་བ་ས་ལ་ཉམས་རེ་ཞོག །  གནས་ོ་མ་གཉོས་བཅོལ་རྒྱུ་ཡོད༎   མ་བུ་མོ་ད་རུང་ན་ཆུང་ཡིན༎  ལག་ལས་ཀ་ས་ལ་ཉམས་རེ་ཞོག །  ཅེས་པ་ལྟ་བུ།
   རྟེན་འབྲེལ་གྱི་གླུ་ལ་དཔེར་ན།
   དགུང་ཨ་སྔོན་ཤར་ཕྱོགས་མཁའ་མཐའ་ནས༎  སྐྱ་གསལ་ལེར་སྐྱ་རེངས་དང་པོ་ཤར༎  དགུང་ཉི་མ་ཤར་བའི་བསུ་མ་རེད༎  སྐྱིད་དྲོད་ཁོལ་འཛོམས་པའི་རྟེན་འབྲེལ་རེད༎  སྡེ་ཚོ་དྲུག་གླིང་གི་མཁར་ཁ་ནས༎  བྱ་སྐྱ་ཀ་ཁྲ་མོ་སྟོང་སེར་གྲགས༎  མགྲོན་ཚུར་ཡོང་སྔོན་གྱི་བསུ་མ་རེད༎  སྤུན་ན་ཟླ་རྩེ་བའི་རྟེན་འབྲེལ་རེད༎  ཅེས་པ་ལྟ་བུ།
   སྐྱིད་གླུར་དཔེར་ན།
   དགུང་སྔོན་པོ་མཐོ་ཡང་སྤྲིན་དཀར་དམའ༎  འདི་མཐོ་དམའ་བར་ནས་འབྲུག་ཆུང་སྐྱིད༎  གུར་དཀར་པོ་མཐོ་ཡང་གདན་ཆ་དམའ༎  འདི་མཐོ་དམའ་བར་ནས་ཕ་མ་སྐྱིད༎  ཅེས་པ་ལྟ་བུ།
   གླུ་ཤགས་ལ་དཔེར་ན།
   བྱ་གཤོག་པ་ཅན་ལ་ནམ་འཕང་བདེ༎  རླུང་སྔོན་ནས་གཡུག་ན་ཇེ་བདེ་ཡིན༎  ང་གླུ་བ་བུ་ཆུང་ཁྲིམ་ལ་བདེ༎  གླུ་ཤགས་ལ་སོང་ན་ཇེ་བདེ་ཡིན༎  ཞེས་པ་ལྟ་བུ།
   བར་འབྱེད་པའི་གླུ་ལ་དཔེར་ན།
   སྟག་དར་མ་དར་མར་ཐུག་རབ་མེད༎  ང་སྟུག་ཕྲུག་ལངས་ནས་བར་ཞིག་འབྱེད༎  གླུ་བས་གླུ་བ་ཐུག་རབ་མེད༎  ང་གླུ་བ་ལངས་ནས་བར་ཞིག་འབྱེད༎  ཅེས་པ་ལྟ་བུ།
   བཀྲ་ཤིས་པའི་གླུ་ལ་དཔེར་ན།
   རྟ་ར་གོང་མ་རྟ་ཡིས་བཀང་༎  ལྷས་ར་བར་མ་སྒྲོག་གིས་བཀང་༎  ཡང་ཡང་བཀང་བའི་བཀྲ་ཤིས་ཤོག །  ཁྱིམ་ཚང་གླུ་བཞི་བུ་ཡིས་བཀང་༎  གཡང་ཁང་སྨུག་པོ་ཟས་ཀྱིས་བཀང་༎  ཡང་ཡང་བཀང་བའི་བཀྲ་ཤིང་ཤོག །  ཅེས་པ་ལྟ་བུ།
   གཞན་ཡང་རྫི་གླུ་དང་རྔོན་པའི་གླུ།  འོ་མ་ཞོ་བའི་གླུ།  མར་དཀྲིགས་པའི་གླུ།  བལ་འབྲེག་བའི་གླུ།  འཐག་འཐག་པའི་གླུ།  གདན་འཇོག་པའི་གླུ།  གྲོ་ནས་འདེབས་པའི་གླུ།  གྲོ་ནས་འབྲེག་པའི་གླུ།  གཡུལ་བཅོག་པའི་གླུ།  གྱང་རྡུང་བའི་གླུ།  ས་རྡོ་ཁུར་བའི་གླུ།  ས་བཅགས་པའི་གླུ།  ལུད་གསོག་པའི་གླུ།  ཤོག་རྩིག་པའི་གླུ་སོགས་རྣམ་གྲངས་ཧ་ཅང་མང་ན་ཡང་འདིར་རེ་རེར་དཔེར་མཚོན་བཀོད་པར་ཡིག་ཚོགས་ལ་དོགས་ནས་རེ་ཞིག་བཞག་གོ །
   གསུམ།  བོད་རྩོམ་གསར་བར་ཤན་ཐེབས་ཚུལ།
   བོད་ཀྱི་དམངས་ཁྲོད་རྩོམ་རིག་ཐམས་ཅད་དུས་རབས་མང་བོའི་ནང་མང་ཚོགས་ཀྱི་ངག་ཐོག་བརྒྱུད་དེ་ཁྱབ་སྤེལ་བྱུང་ཞིང་།  གླུ་ཚིག་གི་ནང་དོན་ཚང་མ་ཡང་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་ཡ་བྲལ་དུ་སོང་མེད་པར་ཐོན་སྐྱེད་ངག་རྩོལ་གྱི་བརྒྱུད་རིམ་ཁྲོད་ཉམས་མྱོང་དང་ཞིབ་འཇུག་གི་བསྡོམས་ཚིག་རྣམས་བསྲེགས་བཅད་བརྡར་གསུམ་བྱས་ཏེ་བྱུང་བ་ཡིན་པས།  སྔོན་བྱོན་མཁས་པ་རྣམས་ཀྱིས་མཛད་པའི་ལྗགས་རྩོམ་རྣམས་དང་གཏན་ནས་མི་འདྲ་སྟེ།  དེ་ཡང་བརྗོད་བྱ་ཐམས་ཅད་དམ་པའི་ལྷ་ཆོས་དང་འབྲེལ་ཞིང་རྗོད་བྱེད་ཕལ་ཆེར་མངོན་བརྗོད་དང་བརྡ་རྙིང་གིས་བཅིངས་པ་དང་།  སྙན་ངག་མེ་ལོང་མའིཚིག་རྒྱན་སྦྱོང་སྟངས་ལ་བསྟན་ཅི་ཐུབ་བྱས་ཡོད་པས།  ལྗགས་རྩོམ་ཕལ་ཆེར་སྤྱི་འགྲོས་ཅན་དུ་གྱུར་ཡོད་པ་དང་།  དངོས་ཡོད་འཚོ་བ་དང་ཡ་བྲལ་དུ་སོང་ཞིང་ལྐོག་གྱུར་ཅན་དུ་གྱུར་ཏེ་གོ་དཀའ་ཞིང་སྐམ་རྙིད་ཅན་དུ་གྱུར་ཡོད།  དུས་རབས་བདུན་པའི་ནང་བོད་ཡིག་གསར་དུ་བཟོས་པ་ནས་དུས་རབས་སྔོན་མའི་ལོ་རབས་བརྒྱུད་ཅུ་བའི་བར་དུ་བྱུང་བའི་ཡིག་ཐོག་རྩོམ་རིག་ཕལ་ཆེར་དེ་ལྟ་བུ་ཡིན་པས།  ལོ་ངོ་སྟོང་དང་སུམ་བརྒྱ་ལྷག་རིང་གི་ཡིག་ཐོག་རྩོམ་རིག་གི་མི་འདང་ས་གཙོ་བོ་ཡང་བརྗོད་བྱ་ཐམས་ཅད་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བ་དང་ཡ་བྲལ་དུ་གྱུར་ཏེ་དམ་པའི་ལྷ་ཆོས་གཙོར་བྱས་པའི་འཕེལ་མེད་སོར་གནས་ཀྱི་སྣང་ཚུལ་འདི་ཡིན་ནོ༎  དུས་རབས་ཉི་ཤུའི་ལོ་བས་བརྒྱད་བཅུ་བའི་ནང་ཕྱིནང་གི་མཐུན་རྐྱེན་མང་པོ་གཅིག་ཏུ་ཚོགས་པས་བོད་ཀྱི་རྩོམ་རིག་གི་རྗོད་བྱ་དེ་ལྷ་ཆོས་རིག་གནས་ནས་མི་ཆོས་རིག་གནས་སུ་ཐོལ་བརྒལ་བྱས་པ་དང་།  རྗོད་བྱེད་ཀྱང་མངོན་བརྗོད་བརྡ་རྙིང་གི་བཅིངས་པའི་སྒྲོག་ལས་ཐར་ཏེ་རོང་འབྲོག་མང་ཚོགས་ཀྱི་གོ་བའི་ཕལ་སྐད་ཐམས་ཅད་ཐོལ་བརྒལ་བྱས་ལ།  རྣམ་པ་ལའང་སྒྲུང་རྩོམ་དང་ལྷུག་རྩོམ།  སྙན་རྩོམ།  དཔྱད་རྩོམ།  འབོལ་རྩོམ་སོགས་ཕུན་སུམ་ཚོགས་པའི་ཕྱོགས་སུ་འཕེལ་ཞིང་།  དེ་དག་ཐམས་ཅད་ཀྱི་བརྗོད་བྱ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བས།  མང་ཚོགས་ཀྱི་ངག་ཐོག་ནས་ཡུན་རིང་ལ་རྒྱུན་འཛིན་དང་ཁྱབ་གདལ།  དར་སྤེལ་བྱས་པའི་ངག་རྩོམ་དེ་དག་དང་ཟུང་འཇུག་བྱས་ཚེ།  མི་རིགས་རང་གི་ཀྱད་ཆོས་ཀྱིས་ཕྱུག་ཅིང་སྒྱུ་རྩལ་གྱ་རོ་བྲོ་ཕུན་སུམ་ཚོགས་པ་དང་ལྡན་པས།  འཛམ་གླིང་རྩོམ་རིག་ཁྲི་སྟེགས་ཡངས་པོའི་གྲལ་དུ་འཛེགས་པའི་སྟ་གོན་དུ་ཞུགས་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་བ་ལྟར་ལགས།  དེ་ཡང་དམངས་ཁྲོད་རྩོམ་རིག་གི་ཤན་ཤུགས་ཐེབས་ཚུལ་ཆེས་གསལ་པོ་ཡིན་པའི་དཔེར་མཚོན་གྱི་རྩོམ་མཁན་ནི་དཔལ་དོན་གྲུབ་རྒྱལ་ལགས་ཀྱི་སྒྲུང་རྩོམ་དང་སྙན་རྩོམ།  སྐུ་ཞབས་ཡི་དམ་ཚེ་རིང་དང་མཁས་གྲུབ་ཀྱི་སྙན་རྩོམ་སོགས་ཧ་ཅང་མང་ལ།  གང་ལྟར་ཁོང་ཚོ་ནི་བོད་རྩོམ་གསར་བའི་རྨང་གཞི་བཏིང་བར་བྱས་རྗེས་ཁྱད་པར་ཅན་བཞག་དང་འཇོག་བཞིན་པའི་རྩོམ་མཁན་དག་ཡིན་ཞིང་།  ཁོང་ཚོའི་རྩོམ་རིག་ལ་བོད་འབངས་མང་ཚོགས་ཀྱིས་རྩོམ་རིག་ལ་བོད་འབངས་མང་ཚོགས་ཀྱིས་དེ་ལྟར་དགའ་བསུ་དང་དང་ལེན་བྱེད་པའི་སྣང་ཚུལ་དེ་ནི་ཁོང་ཚོའི་རིག་གནས་ཆུ་ཚད་ཀྱི་ནང་ཁོངས་དེ་རྒྱ་བོད་རིག་གནས་ཀྱི་གཞུང་རྟར་དམངས་ཁྲོད་རིག་གནས་སོགས་རིག་གནས་ཀྱི་མ་ལག་གཞན་དག་གིས་བརྒྱན་ཏེ་འཛོམས་པོར་བཏང་ཡོད་ཅིང་།  རྩོམ་ལ་འཇུག་སྐབས་དེ་དག་ཟུང་འཇུག་བྱས་པས་བོད་རང་གི་གཉུག་མའི་ལྷན་གཤིས་ཀྱིས་ཕྱུག་པས་ཡིན་ལ།  དཔེར་ན།  རྗེ་ཡབ་སྲས་གསུམ་པོ་ཟེར་དུས་བོད་འབངས་རྒན་མགོ་དཀར་མན་ཆད་དང་ཆུང་བྱིས་པ་ཡན་ཆད་ཀྱིས་མི་ཤེས་པ་མི་སྲིད་པ་མ་ཟད།  ལུས་ངག་ཡིད་གསུམ་གྱིས་དད་གུས་བྱ་ཡུལ་ཡིན་ལ།  ཁོང་པ་ཚོའི་སྙན་རྩོམ་ཟེར་དུས་ཆ་མེད་རྒྱུས་མེད་ཅིག་ཡིན་པ་དང་།  དཔལ་དོན་གྲུབ་རྒྱལ་ཟེར་དུས་ཐམས་ཅད་ཀྱི་སྣང་ངོར་ཕལ་བའམ་ཐ་ནལྟ་ལོགཅིག་ཏུ་ངོས་འཛིན་བྱེད་མོད།  ཁོང་གི་རྩོམ་རིག་བརྩམས་ཆོས་གླེང་དུས་རྒྱུས་ཡོད་མེད་ཀུན་གྱིས་གདེང་འཇོག་མཐོན་པོ་གནང་དོན་ཡང་།  ཁོང་གི་རྩོམ་རིག་གི་བརྗོད་བྱ་ཐམས་ཅད་བོད་སྤྱི་ཚོགས་ཀྱི་བདེ་སྡུག་གི་འཚོ་བ་དང་འབྲེལ་ཡོད་པ་དང་།  རྗོད་བྱེད་མང་ཚོགས་ཀྱི་ཕལ་སྐད་ལ་འབྲེལ་ཞིང་དམངས་ཁྲོད་རྩོམ་རིག་གི་ཉིང་བཅུད་ཀྱིས་ཐོག་མཐའ་བར་གསུམ་དུ་བརྒྱན་པས་ཡིན།  གང་ལྟར་དམངས་ཁྲོད་རྩོམ་རིག་ཡིན་ནའང་འདྲ།  བྱེ་བྲག་གི་ཨ་མདོའི་དམངས་གླུ་ཡིན་ནའང་འདྲ།  བོད་རྩོམ་གསར་བའི་མྱུ་གུར་དྲོད་ལུད་ཆུ་གསུམ་ལྟ་བུའི་བྱེད་ནུས་ཐོན་ཡོད་པ་ནི་སུས་ཀྱང་བསྙོན་མི་ནུས་སོ༎
   དེང་འདིར་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དང་མྱུར་སྐྱོབ།  ཁྱབ་སྤེལ།  ལེགས་སྒྲིག་སོགས་ཀྱི་བྱ་བ་དེ་ད་དུང་ཡིད་མི་ཚིམ་པའི་ཚོད་དུ་གནས་ཤིང་།  བྱ་བ་འདིར་མཐོང་ཆེད་དང་ཐུགས་ཁུར་གནང་བའི་ཕྱོགས་ནས་དེ་བས་ཀྱང་མཁོ་སོད་པ་ཞིག་མ་རེད།  དམངས་ཁྲོད་རྩོམ་རིག་གི་བང་མཛོད་བདག་གིར་བྱེད་པའི་རྒན་རྒོན་མང་པོ་ན་ཚོད་ཀྱིས་རྐྱེན་བྱས་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བ་དང་།  གཞོན་དར་རྣམས་ཀྱིས་མི་རིགས་གཞན་དག་གི་ཡོད་ཚད་ལ་ལད་མོ་བྱེད་ཅི་ཐུབ་བྱེད་པའི་ཨ་གསར་མགོ་ཡང་གི་བྱ་སྤྱོད་དག་མཐོང་དུས།  མི་ལོ་སྟོང་ཕྲག་རིང་གི་མེས་པོའི་ཤུལ་ནོར་གཙང་མ་འདི་དག་ང་ཚོའི་མི་རབས་ཀྱི་རིང་ལ་ཉམས་ནས་ཚར་ཨེ་འགྲོ་སྙན་པའི་སེམས་ཁུར་ཞིག་ཀྱང་སྐྱེས་འོངས་པས།  བོད་ཀྱི་དམངས་ཁྲོད་རྩོམ་རིག་ཀྱང་མཚར་སྡུག་འོད་སྟོང་འབར་བའི་ཀྲུང་གོའི་དམངས་ཁྲོད་རིག་གནས་ཀྱི་བྱེ་བྲག་ཅིག་ཡིན་ན།  ཏང་གི་མི་རིགས་ས་ཁུལ་གྱི་སྲིད་ཇུད་ཡང་དག་དངོས་འབེབ་མཐིལ་ཕྱིན་བྱས་ཏེ།  བོད་ཀྱི་དམངས་ཁྲོད་རྩོམ་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བྱ་བའི་ཕྱོགས་ལ་ཤུགས་སྣོན་བྱ་རྒྱུ་ནི་ང་ཚོ་མི་རབས་འདིའི་འོས་འགན་ཡིན་ལ།  རྒྱལ་ཁབ་དང་མི་རིགས་ནས་འགྱངས་དང་ཡན་གར་དུ་བསྐྱུར་ནས་ཁ་བཤད་ཙམ་གྱིས་གོ་མི་ཆོད་པས།  གང་མྱུར་གྱིས་འཚོལ་སྡུད་དང་ལེགས་སྒྲིག  ཁྱབ་སྤེལ་བྱ་རྒྱུ་ནི་དུས་རབས་ཀྱིས་ང་ཚོར་གནང་བའི་བགོ་སྐལ་ཡིན་པ་ཅིས་ཀྱང་ཤེས་པར་རིགས་སོ༎


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com